
加持祈祷文
——敬信苗芽
此祈祷文,应上师亲传弟子江柯等人之劝请,难辞其意,有活佛虚名者扬唐撰写于2015年9月。依此愿成为上师加持入于相续之因。增吉祥!
༈ བྱིན་རླབས་གསོལ་འདེབས་མོས་གུས་ཀྱི་མྱུ་གུ།
སྙིང་རྗེའི་གཏེར་ཆེན་ཕྱག་ན་པདྨོ་ཡི། །གདུལ་བྱའི་ཞིང་མཆོག་གངས་རིའི་ལྗོངས་འདི་རུ། །བཀའ་དྲིན་ཟླ་བྲལ་པདྨ་སཾ་བྷ་ཝས། །རྗེས་བཟུང་གྲུབ་ཆེན་ནམ་མཁའི་རྣལ་འབྱོར་པ། །རྡོ་རྗེ་བདུད་འཇོམས་ཞབས་ལ་གསོལ་བ་འདེབས། །ཆོས་བརྒྱད་ཚེ་འདིའི་ཞེན་པ་རང་གྲོལ་ནས། །ཚེ་དང་སྒྲུབ་པ་སྙོམས་པར་བྱིན་གྱིས་རློབས། །མཆོག་གི་གསང་གསུམ་རྡོ་རྗེའི་སྒྱུ་འཕྲུལ་གར། །རྩོད་ལྡན་དུས་ཀྱི་མུན་སེལ་འགྲོ་བའི་མགོན། །འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །ཆོས་བརྒྱད་ཚེ་འདིའི་ཞེན་པ་རང་གྲོལ་ནས། །ཚེ་དང་སྒྲུབ་པ་སྙོམས་པར་བྱིན་གྱིས་རློབས། །གང་གི་གསུང་གི་འོད་ཟེར་འཕོས་པ་ལས། །ཟབ་རྒྱས་ཆོས་ལ་བློ་གྲོས་འདབ་བརྒྱ་བཞད། །བསྟན་འགྲོར་སྨན་པའི་ཕྲིན་ལས་མཛད་བཟང་ཅན། །བསོད་ནམས་དར་རྒྱས་མཆོག་ལ་གསོལ་བ་འདེབས། །ཆོས་བརྒྱད་ཚེ་འདིའི་ཞེན་པ་རང་གྲོལ་ནས། །ཚེ་དང་སྒྲུབ་པ་སྙོམས་པར་བྱིན་གྱིས་རློབས། །སྐྱེ་སྔོན་བསོ༵ད་ན༵མས་རྒྱ་ཆེན་ལེགས་བྱས་མཐུས། །རྟེན་འདིར་འགྲོ་དོན་ཕྱོགས་མེད་ད༵ར་ཞིང་རྒྱ༵ས། །རྒྱལ་བསྟན་དགུང་དུ་འདེགས་པའི་དཔལ་མངའ་བ། །རྩ་བའི་བླ་མ་མཆོག་ལ་གསོལ་བ་འདེབས། །བླ་མ་སངས་རྒྱས་དངོས་མཐོང་མོས་གུས་ཀྱིས། །རྣམ་ཀུན་ཁྱེད་ཤེས་དྲག་པོས་གསོལ་འདེབས་ན། །ཆོས་ཀྱི་འགལ་རྐྱེན་མ་ལུས་ཉེར་ཞི་ནས། །ཆོས་བརྒྱད་བྲལ་བའི་དབེན་ཁྲོད་ཉམས་དགའ་བར། །ཚེ་དང་སྒྲུབ་པ་མཐའ་རུ་ཕྱིན་ནས་ཀྱང་། །མ་དག་འཁྲུལ་བའི་སྣང་བ་དབྱིངས་སུ་ནུབ། །ཀ་དག་ཆོས་སྐུའི་དགོངས་པ་མངོན་གྱུར་ནས། །ལྷུན་གྲུབ་བདེ་གཤེགས་སྙིང་པོའི་ཕོ་བྲང་དུ། །གདོད་མའི་བཙན་ས་ཟིན་པར་བྱིན་གྱིས་རློབས། །ཞེས་གསོལ་འདེབས་འདི་ཉིད་བླ་མ་རང་ཉིད་ཀྱི་དངོས་སློབ་ཅང་ཁུ་ཞེས་པ་སོགས་འགའ་ཤས་ཀྱིས་བསྐུལ་ངོ་མི་ལྡོག་ཙམ་དུ་གཡང་ཐང་སྤྲུལ་མིང་པས་ཕྱི་ལོ༢༠༡༥ལོའི་ཟླ་༩་པའི་ནང་བྲིས་པ་འདིས་ཀྱང་བླ་མའི་བྱིན་རླབས་རྒྱུད་ལ་གཞུག་པའི་རྒྱུར་གྱུར་ཅིག བཀྲ་ཤིས།