མཁན་ཆེན་ཤེས་རབ་བཟང་པོས་གནས་བརྟན་ཟབ་གསང་རྗེས་སུ་དྲན་པ།
འགྱེལ་དུ་མེད་པའི་ཀ་ཆེན།
སྐྱབས་རྗེ་ཡིད་བཞིན་ནོར་བུའི་སྤྱི་ཚོགས་རྙིང་པའི་སློབ་ཆེན་མཁན་པོ་ཟབ་གསང་ནི། བླ་རུང་སྒར་ཕྱག་བཏབ་པ་ནས་དགེ་བསྐོས་ཀྱི་འགན་བཞེས་ཏེ། རྩ་བའི་སྒྲིག་ཁྲིམས་ཆེན་པོ་གསུམ་ལག་ལེན་བརྟན་པར་བྱས་པས་མཚོན། སྐུ་ཚེ་ཧྲིལ་པོའི་ཉམས་ལེན་རྩ་བའི་བླ་མའི་བསྟན་པའི་ཞབས་ཕྱི་གནད་དུ་སྨིན་པ་འབའ་ཞིག་སྒྲུབ་པ་ལ་གཞོལ་བ། མཁན་པོ་འཇིགས་དབང་དང་མཁན་པོ་སྒེག་རྡོར་སོགས་བསྟན་པའི་སྲོག་ཤིང་རྣམས་ཀྱི་ཡ་གྱལ་ཡིན།
ཁོང་གི་གཞན་དྲིང་མི་འཇོག་པའི་མི་གཞི་དང་ཤིན་ཏུ་དག་པའི་ཚུལ་ཁྲིམས་ཀྱི་སྟོབས་ཀྱིས། མཆེད་གྲོགས་དག་གི་ཁྲོད་ནའང་ཚིག་མི་བརྩི་བ་དང་སེམས་གཏིང་ནས་ཁོང་ལ་དགའ་གུས་མེད་པ་སུ་ཡང་མེད། ཁོང་དང་ངེད་གཉིས་བླ་རུང་སྒར་ན་དགེ་འདུན་གྱི་འདུ་བ་ཉུང་ཤས་ལས་མེད་པའི་སྐབས་ནས་བཟུང་། བྱང་ཁོག་གཅིག་ནས་བརྒྱུད་པའི་ཕུ་ནུ་དང་འདྲ་བར་དམིགས་བསལ་ནང་བཟང་རྩིས་མཐུན་དུ་འདྲིས་ཆེ་བས། ལུགས་གཉིས་གང་གི་ཐད་ནས་ཀྱང་ཁོང་བས་ཡན་གྱི་ཡོན་ཏན་ཅན་ཞིག་དཀོན་པར་སྣང་།
མཁན་རྒན་ཟབ་གསང་མཆོག་བཀྲ་ཤིས་ཁྲི་གླིང་དུ།
2018ལོའི་དགུན་ཁར། ཁོང་གིས་བླ་སྐྱབས་ལ་ང་ལ་ཁ་པར་ཞིག་ཐོང་ཤོག་གསུངས་པ་ལྟར་ཁ་པར་བཏང་སྟེ། ངའི་རི་ཁྲོད་བཀྲ་ཤིས་ཁྲི་གླིང་དུ་བྱོན་ན་ས་ཧ་ཅང་སྐྱིད་པོ་ཡིན། ཞོར་དུ་ཆོས་ཁྲིད་རེའི་ངལ་བའང་མཛད་དགོས་ཞུས། ཁོང་གིས་ཀྱང་སྔོན་ཆད་སྐུ་མཆེད་དགུང་ལོ་མཐོ་བས་ཡོང་སྟབས་མི་བདེ་མོད། ད་ལྟ་རང་བས་མེད་པས་ཁོམ་པ་ཡོད་གསུངས།
2019ལོའི་བོད་ཟླ་༥པའི་ཚེས་༨ལ་མཁན་བརྩོན་འགྲུས་མཐར་ཕྱིན་སོགས་ཀྱིས་བླ་རུང་དཔལ་འབྱོར་ཁང་གི་དབྱར་མཐོངས་ལ་ང་ཡང་བོས་ཏེ་སོང་སྐབས། ངེད་གཉིས་ཀྱིས་ཁོང་གི་གཟིམ་ཤག་ཏུ་དགོང་ཇའི་ཞོར་ལ་ལབ་གླེང་སྣ་ཚོགས་ཀྱིས་ཤེས་མེད་ཚོར་མེད་ངང་ནམ་གུང་དུས་ཚོད་དང་པོ་གཉིས་པ་བསུས་འདུག དེ་དུས་ཁོང་གིས་ཉིན་འགའི་རྗེས་སུ་སྐུ་མཆེད་ཀྱི་དགོངས་རྫོགས་གྲུབ་པ་ན་བཀྲ་ཤིས་ཁྲི་གླིང་དུ་འབྱོན་པར་ཐག་བཅད། བོད་ཟླ་༦པའི་ཚེས་༡༧ཉིན་དགའ་རབ་ཀྱིས་མའི་ཕུང་པོ་བཀྲ་ཤིས་ཁྲི་གླིང་དུ་ཁྱེར་ནས་ཡོང་བ་ན། འཕོ་ལུང་གི་མཇུག་ཏུ་ངས་དགའ་རབ་ལ་དྲུག་པའི་ཉེར་དྲུག་ཕན་ཆོད་ནམ་བདེ་ན་བསུ་སར་ཡོང་ཞེས་ཁོང་ལ་སྐད་བསྐུར། ཕྱི་ཉིན་དགའ་རབ་ཀྱིས་དེའི་སྔོན་ལ་འབྱོན་རྒྱུ་ཡིན་ཚུལ་ལབ་འདུག་པས། དེ་མ་ཐག་འགན་འཛིན་པ་རྣམས་དང་གྲོས་བྱས་ནས་མཐར་དྲུག་པའི་ཉེར་གཉིས་གཟའ་སྐར་འཕྲོད་སྦྱོར་ཡག་པོ་ལ་བསུ་སར་འགྲོ་རྒྱུ་ཁ་འཆམ། ཚེས་༡༩ཉིན་ཁོང་གིས་ང་ལ་ཁོང་ཚེས་༢༡ཉིན་ངེས་པར་དུ་བཀྲ་ཤིས་ཁྲི་གླིང་ན་ཐོན་དགོས། གྲ་སྒྲིག་ཅི་ཡང་མི་དགོས། མར་ཆུར་རྩམ་གསུམ་དང་སྣོད་ཀ་ཅ། གློག་ཐབ་ཐམས་ཅད་རང་གིས་ཁྱེར་ཡོང་ཞེས་ཁ་པར་ཐོན་བྱུང་བར། ངས་ཁྱེད་ཀྱིས་དགེ་འདུན་པའི་རྫས་སུ་དགོངས་ན་ང་སྒེར་གྱིས་གྲ་བསྒྲིག་བྱེད་ཅེས་ཞུས་ཀྱང་། ཁོང་གིས་བཀས་བཅད་པའི་ངག་ནི་སུས་ཀྱང་ལྡོག་དཀའ་བ་ནི་ང་ལའང་རྒྱུས་ཆེ།
2018ལོར་བླ་རུང་ཆོས་སྒར་དུ། གཡོན་གྱི་དང་པོ། མཁན་ཆེན་ཟབ་གསང་།
2019ལོར་བཀྲ་ཤིས་ཁྲི་གླིང་ནས་མཁན་ཆེན་ཤེས་རབ་བཟང་པོ་དང་ལྷན་དུ།
ཕྱི་ཉིན་བསུ་སར་སོང་ནས་ཁོང་གི་ཐུགས་བཞེད་བཞིན་ཚེས་༢༡ལ་བཀྲ་ཤིས་ཁྲི་གླིང་དུ་ཞབས་སོར་འཁོད་ཙ་ན། ཐུགས་དགྱེས་མིན་ལ་མ་ལྟོས་པར་རྟེན་འབྲེལ་ཞིག་ཏུ་བསམས་ཏེ་སེར་ཕྲེང་གིས་སྣ་དྲངས་ཤིང་། ཐོག་མར་གསོལ་ཇ་བཞེས་པར་བསྐུལ་ཀྱང་རྔོ་མ་ཐོགས་པར་ཀུན་དགའ་ར་བར་བྱོན་ནས་ཐད་ཀར་ཁྲི་སྟེང་ལ་བཞུགས་ཏེ་ཆོས་ཀྱི་བགོ་བཤའ་འགྱེད་པ་ནི། དུས་རྒྱུན་གྱི་ཁོང་གི་གཤིས་སྤྱོད་དང་ཅུང་མི་འདྲ་བའི་སྣང་བ་ཤར།
དེ་ཉིན་བཀྲ་ཤིས་ཁྲི་གླིང་གི་རྟེན་དང་བརྟེན་པ་བཅས་པར་ངོས་སྦྱོར་བྱེད་ཞོར་ཁོ་ར་ཁོར་ཡུག་ཀུན་ལ་གཟིགས་ཞིབ་ཏུ་བྱོན་ཅིང་། ཁོང་གིས་བརྩི་མཐོང་ཆེན་པོས་ཁྱོས་ཡིད་བཞིན་ནོར་བུའི་བསྟན་པ་ལ་ཞབས་ཕྱི་གཤའ་མ་བྱས་འདུག་ཅེས་དབུགས་དབྱུང་གནང་བར་མ་ཟད། གུས་པ་རང་ལ་ཡིད་བཞིན་ནོར་བུའི་ཁྲིད་ཡིག་སངས་རྒྱས་ལག་སྟེར་དེ་འདུས་པ་ཀུན་ལ་བཤད་དགོས་ཞེས་ལན་གྲངས་ལྔ་དྲུག་གི་བར་དུ་བཀས་བསྐུལ་མཛད་བྱུང་།
བཀྲ་ཤིས་ཁྲི་གླིང་གི་འདུས་སྡེ་སྤྱིས་ལོ་འཁོར་༢ལོན་པར་རྗེས་དྲན་ཞུ་བ།
བློ་ཡུལ་ལས་འདས་པ་ཞིག་ལ། ཕྱི་ཉིན་སྔ་དྲོ་མཁན་པོ་ཟབ་གསང་སྐུ་མྱ་ངན་ལས་འདས་སོང་ཟེར་བ་ཞིག་རྣ་བར་ལྷུང་། ཡིད་ཆེས་ན་མི་འདོད་པའི་དོན་དངོས་འདིས། ངའི་སེམས་ལ་ཕངས་སེམས་དང་འདྲེས་པའི་བརྡབ་གསིག་དྲག་པོ་བཏང་ཞིང་། འདི་ལྟར་ཕེབས་པ་ཤིན་ཏུ་སྔ་སོང་སྙམ་དུ། མཁན་པོ་བསྟན་འཛིན་ནོར་བུ་དང་གནུབས་ཟུར་སྤྲུལ་སྐུ་འཇམ་དཔལ་མཁྱེན་རབ་གཉིས་དང་། བླ་རུང་གི་རྒྱུན་ལས་རྒན་པ་གཙང་རོང་རིག་དར་བཅས་ལ་ཞུས་ཏེ། ཁོང་རྣམ་པས་ཐུགས་བཀོད་ལྟར། ཉིན་དེའི་དགོང་མོ་དུས་ཚོད་བདུན་པ་མ་ཟིན་ཙམ་ལ་སྐུ་གདུང་བླ་རུང་སྒར་དུ་དྲངས་ནས་གཟིམ་ཁང་དུ་བཞུགས་སུ་གསོལ་བ་ཡིན།
ཡིད་བཞིན་ནོར་བུའི་བསྟན་པའི་ཆེ་བ་ཡོངས་རྫོགས་ཁུར་བའི་མི་ཕོ་ཞིག ང་ཚོ་དང་གཏན་དུ་གྱེས་ཏེ་ཕ་གཅིག་བླ་མའི་དྲུང་དུ་བཞུད་སོང་ནའང་། ཁོང་གི་ནག་ནོག་མེད་ལ་རླབས་ཆེ་བའི་བཞུད་ལམ་གྱི་མཛེས་སྡུག་རེ་རེ་མི་ཡུལ་དུ་བརྟན་པར་གནས་ཤིང་། ཤངས་བུག་གཉིས་ལས་བྱང་སེམས་དཀར་དམར་བཞུར་བ་དང་། ཕྱག་གཡས་འགྲམ་གཡས་སུ་སྦྱར་ཏེ་སེངྒེའི་ཉལ་སྟབས་ཀྱིས་གཤེགས་ཡོད་པ་ཞབས་འབྲང་གཉིས་ཀྱིས་མངོན་སུམ་དུ་མཐོང་བ་དེ་ཡང་། ཆོས་པ་རྣལ་མའི་རྟགས་དང་ལག་རྗེས་གཉིས་ཀ་ཡིན་མོད། ངས་ནི་ཁོང་འདྲ་བའི་ཉམས་ལེན་པ་ཆེན་པོ་ལ་འདི་ཙམ་རྒྱུན་ལྡན་ལོས་ཡིན་སྙམ་པའི་འདུ་ཤེས་འགོག་མེད་དུ་སྐྱེས་ཤོར།
དེ་ལྟར་བཞུད་པའང་གྲ་སྒྲིག་དང་བཅས་པ་ཞིག་ཅི་ལ་མིན་ཏེ། བཀྲ་ཤིས་ཁྲི་གླིང་དུ་མ་བྱོན་གོང་ནས། མ་ཎི་རྐོ་ཡོན་དུ་སྤྲད་བྱའི་སྒོར་མོ་ཁྲི་གཅིག་ཙམ་ཅན་གྱི་དངུལ་བྱང་དང་། སྒེར་གྱི་སྒོར་མོ་སུམ་སྟོང་ལས་མེད་པའི་དངུལ་བྱང་གཉིས་པོ་གསང་གྲངས་དང་བཅས་པ་གཞན་ལ་སྤྲད་དེ། སྒོར་མོ་གཏན་ནས་མེད་པར་བྱས་པ་དང་། བླ་རུང་དང་ཨ་སྐྱབས་སུ་ཡོད་པའི་གནས་ཁང་གཉིས་པོ་ཡང་། གསུང་རབ་ཀྱི་སྐོར་འགའ་རེ་མ་གཏོགས་གཞན་ཅ་ལག་གང་ཡང་མ་བསྐྱུར་བར་གཙང་དག་ཏུ་བཏང་བ་དང་། སྤྲུལ་སྐུ་བསྟན་་འཛིན་་རྒྱ་་མཚོ་དང་ལྷན་དུ་བར་དོའི་འཆར་རིམ་ལ་སྒྲོ་འདོགས་ཞིབ་པར་བཅད་པ་སོགས་གང་ལ་གཞིགས་ཀྱང་། ཁོང་གི་མི་ཚེའི་ཆེས་མཐའ་མཇུག་གི་འགྲོ་དོན་བཀྲ་ཤིས་ཁྲི་གླིང་གི་ཕྱོགས་སུ་བསྐྱང་རྒྱུའི་ཐུགས་འདུན་གཏད་པ་ལ་དགོས་པ་རེའང་མེད་དམ་སྙམ། ཁོང་གནས་འདིར་ཉིན་གཅིག་ལས་མ་བཞུགས་མོད། དེ་ཙམ་གྱིས་ཀྱང་ཆོས་སྡེ་འདིའི་ཚུལ་ཁྲིམས་རྣམ་པར་དག་པ་དང་། རྫོགས་པ་ཆེན་པོའི་བསྟན་པ་དར་རྒྱས་སུ་ཡོང་བ་ལ་གཏན་དུ་བྱ་བ་བྱེད་པར་ཡིད་ཆེས་བརྟན་པོ་ཡོད།
བཀྲ་ཤིས་ཁྲི་གླིང་དུ་བསྣམས་ཡོད་པའི་ཅ་དངོས།
འདི་ལྟ་སྟེ། གང་སར་བསྣམས་པའི་ཆོས་གོས་དང་། ཡུན་རིང་བཅངས་པའི་མཛོད་བདུན། ཉེ་བར་མཁོ་བའི་ཞལ་ཐོན། ཏོག་ཙམ་གཡའ་ཆགས་པའི་བ་མ། ད་རུང་རྒྱུན་སྤྱོད་ཀྱི་གློག་ཐབ་དག་ནི། ཁོང་གིས་ངེད་ཅག་ལ་བཞག་པའི་རྗེས་ཤུལ་ཐ་མ་ཡིན་པས། ཆོས་སྡེ་བཀྲ་ཤིས་ཁྲི་གླིང་དུ་ཉར་ཚགས་བྱས་ཡོད་ཅིང་། དེ་དག་གི་མདུན་ནས་ཁོང་དྲན་པའི་གདུང་བ་དང་། གསོལ་འདེབས་སྨོན་ལམ་གྱི་རྒྱུན་ནམ་ཡང་ཆད་མི་སྲིད།
ཅེས་པ་༸ཆོས་རྗེ་ཡིད་བཞིན་ནོར་བུའི་བསྟན་པའི་ཀ་ཆེན་མཁན་རྒན་ཟབ་གསང་མཆོག་སྐུ་ཞི་བར་གཤེགས་ནས་ལོ་འཁོར་གཉིས་ལོན་ལ་ཉེ་བའི་མཚམས་སུ། མཁན་ཆེན་དམ་པ་ཤེས་རབ་བཟང་པོས་ཇི་ལྟར་རྗེས་སུ་དྲན་པའི་ཞལ་གསུང་སྤྱི་བོར་ཕེབས་པ་གང་། བཀྲ་ཤིས་ཁྲི་གླིང་བོད་ཡིག་ཚོགས་ཆུང་གིས་ཡི་གེའི་རྣམ་པར་བྱས་པའོ། །
གསལ་བཤད།
པར་རིས་འགྲེལ་ཡིག་དང་། འཕྲིན་ཕྲན་ཁ་བྱང་
རྩོམ་སྒྲིག་པས་གསལ་ཁ་དོད་ཆེད་བྲིས་སོ། །
བཀྲ་ཤིས་ཁྲི་གླིང་བོད་ཡིག་ཚོགས་ཆུང་གིས་སྤེལ།
扎西持林编辑组